གསེར་གྱི་ཉི་མ་ནུབ་སོང་། བསྟན་པའི་སྒྲོན་མེ་གཟིམས་སོང་།

[ཟླ་ཚེས། 2017-10-06 22:26:50][རྩོམ་པ་པོ། བཟོད་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507300130600895.jpg

གསེར་གྱི་ཉི་མ་ཞིག་གཟི་བརྗིད་ངང་གང་རིའི་དབུ་རྩེ་ནས་ནུབ་སོང་།

བསྟན་པའི་སྒྲོན་མེ་ཞིག་གཟིམས་ནས་གླིང་བཞིར་མུན་པས་བཀང་སོང་།

གསེར་གྱི་ཁྱུང་ཆེན་ཁྱེད་དལ་མོ་ངང་ནུབ་ལ་འཕུར་སོང་བས།

ང་ཚོ་འགྲོ་བ་རྣམས་སྡུག་གིས་མནར་བཞིན།

ངེད་ཅག་སློབ་ཚོགས་རྣམས་བྲང་གཞུང་མཆི་མས་བརླན་གྱིན་འདུག


བསམ་གཞིགས་དང་ཤུགས་རིང་མང་བའི་དེ་རིང་།

མཆི་མ་དང་འཁང་ར་མང་བའི་དེ་རིང་།

གནམ་འོག་ན་མྱ་ངན་ཁོ་ནའི་རོལ་དབྱངས་འཁྱིལ།


འཛུམས་མདངས་དང་དགོད་སྒྲ་བོར་བའི་དེ་རིང་།

ལྷིང་འཇགས་དང་སྤྲོ་སེམས་ཡལ་བའི་དེ་རིང་།

ངའི་འཇིག་རྟེན་ན་སྐྱོ་གདུང་གི་གླུ་གཞས་གྲགས།


སེམས་ཀྱི་གསང་རིམ་ན་བཞུགས་པའི་ངའི་རྩ་བའི་བླ་མ།

ཁྱེད་སྐུ་མ་བཞུགས་དག་ཞིང་དུ་ཕེབས་སོང་།


ཀྱེ་བདག་ཅག་གི་འདྲེན་པ་ཆེན་པོ།

སྐུ་པར་ཙམ་ལས་མ་ལུས་པའི་དེ་རིང་།

ཁྱེད་སྐུ་མཇལ་པའི་བསོད་ནམས་ཟད་པའི་ང་།

དངོས་སུ་མཇལ་བའི་དུས་ལས་ཡོལ་སོང་བ་མ་ཡིན་ནམ།


རྗེ་བླ་མ་ལགས།

ཁྱེད་ནི་དུས་གསུམ་འབྲལ་མེད་དུ་ངའི་སྤྱི་གཙུག་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་བླ་མ་ཡིན།


སྐྱེས་བུ་སུས་ཀྱང་འགྲན་ནུས་མེད་པའི་མི་ཡུལ་གྱི་སེམས་དཔའ་ཆེན་པོ།

རྨོངས་སེལ་གྱི་སྒྲོན་མེ་ཁྱེད་གང་དུ་བཞུགས།


ངས་ཁྱེད་ལ་ནམ་ཡང་།

སྨོན་འདུན་གྱི་ཀློང་ནས་མྱ་ངན་ཞུ་ངེས་ཡིན་ལ།

ཁྱེད་ཉིད་དྲན་པའི་ན་ཟུག་དང་འགྲོགས་ཏེ་གསོལ་བ་སྙིང་ནས་འདེབས་ཀྱིན་ཡོད།


ཀྱེ་ཀྱེ་སྙིགས་དུས་ཀྱི་ལྷ་ཆེན་པོ།

སྐུ་ཡི་མཚན་དཔེའི་མེ་ཏོག་ཡོངས་སུ་ཟུམ་ཚུལ་གྱིས།

མྱ་ངན་ལས་འདས་པ་ནི།

རྟག་འཛིན་ཅན་གྱི་ངོར།  
བདུད་ཀྱི་ཆུ་བཞིའི་འཇིགས་པ་བཟློག་ཏུ་མེད་པའི་བརྡ་ཐབས་ཙམ་ལས་མ་འདས་རུང་།   


ངའི་སྙིང་ཆུང་དམར་པོའི་དཀྱིལ་འཁོར་ན།

བརྟན་བརླིང་ངང་གྲོང་ངེར་བཞུགས་ཐུབ་པ་ནི་ཁྱེད་ཉིད་ཁོ་ནའོ།།


ཨེ་མ་དུས་གསུམ་གྱི་བླ་མ།

སྙིང་དབུས་ཀྱི་སེམས་དཔའ།

སྤྱི་གཙུག་གི་བླ་མ།

ས་ཆེན་གྱི་སེམས་དཔའ།


ཐུགས་རྗེས་ཟུངས་ཤིག

ཐུགས་རྗེས་སྐྱོངས་ཤིག


སྙིང་དབུས་ཀྱི་སྨན་རི་བ་ལགས།   

ཁྱེད་སྐུ་གངས་རིའི་ལྗོངས་ནས་བཞུད་ན་ཡང་།

གྱེར་བསྟན་ཕྱོགས་བརྒྱར་སྤེལ་བའི་སྐུ་དྲིན་ཡོད།


གཤེན་གྱི་སྲོག་ཤིང་སྨན་རི་བ།

སུས་ཀྱང་དཔག་མི་ནུས་པའི།

ཞུམ་མེད་ཀྱི་སྟོབས་ཤུགས།

འགག་མེད་ཀྱི་བདུད་རྩི།

འབྲལ་མེད་ཀྱི་བྱམས་བརྩེ་ཆེན་པོ་ཡོད།


རིན་པོ་ཆེ།

དུས་འགྱུར་རླུང་དམར་བུ་ཡུག་འཚུབས་སྐབས།

བསྟན་པའི་སྒྲོན་མེ་སྤར་མཁན་གྱི་གནམ་གྱི་སེམས་དཔའ་ཆེན་པོ།


ལམ་སྟོན་གྱི་སྒྲོན་མེ་རྐང་གཅིག

ཁྱེད་ནི་དཔྲལ་བའི་མིག་ཡིན་ལ།

ཁོང་གི་སྙིང་ངོ་མ་དེའང་ཡིན།


ཁྱེད་ཀྱི་གཞལ་མེད་ཀྱི་བཀའ་དྲིན་དང་།

ལྷད་མེད་ཀྱི་མཛད་འཕྲིན་དག་ནམ་ཡང་ནུབ་མི་སྲིད།


འགྲོ་དྲུག་རིས་མེད་ཀྱིས་སྐྱོང་བའི་སྐྱེས་བུ་དམ་པ།

ཁྱེད་ཉིད་བཞུད་པ་སྔ་སོང་བས།

ངེད་ཅག་བུ་སློབ་རྣམས།

མ་མེད་དྭ་ཕྲུག་བཞིན་གྱུར་པར་མ་ཡིན་ནམ།


གསེར་གྱི་ཀ་ཆེན།       ཁྲི་འཛིན་ལགས།    ཁྱེད་ནི།

བདེན་པ་དང་གནས་ལུགས་ཀྱི་ངར་སྐད་སྒྲོག་པའི་གངས་སེང་དཀར་མོ།

བསྟན་འགྲོ་ཁོ་ནས་སྐུ་ཚེ་རྫོགས་པའི་རྒྱལ་སྲས་རྣལ་མ།


འཁོར་བ་ནས་མྱང་འདས་སུ་གཤེགས་པའི་འདྲེན་པ་ཆེན་མོ།

མོས་གུས་ཀྱི་ཐལ་མོ་རྒྱང་རིང་ནས་སྦྱར་ཏེ།

སྒོ་གསུམ་གྱི་གསོལ་བ་རང་ས་ནས་འདེབས་བཞིན་ཡོད།


རིག་པའི་ཁྱུང་ཆེན་ལགས།

རེ་འདུན་གྱི་མིག་ཟུང་རྒྱང་ལ་ཅེར་བཞིན།

དད་གུས་ཀྱི་གསོལ་བ་སྙིང་ནས་འདེབས་བཞིན་ཡོད།

ནམ་ཡང་རྗེ་བླ་མའི་བྱམས་བརྩེའི་ཀློང་ནས་མ་འབོར་ཞིག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།