ཁྱེད་དྲན་པའི་གདུང་འབོད།

[ཟླ་ཚེས། 2017-09-30 22:45:23][རྩོམ་པ་པོ། ལྡོང་སྙུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506782888123483.jpg

དུས་འགྱུར་འཕྲང་གྱི་བསྐལ་ཁུག་ཞིག་ལ། །

རྩུབ་རླུང་དྲག་པོས་གནམ་ས་གཡོས་ནས། །

གཤེན་རབ་བསྟན་ལ་གོ་ཆག་བྱུང་དུས། །

ཁྱེད་ཀྱིས་སླར་ཡང་མེ་རོ་སྤར་སོང་། །

 

ཁྱེད་ཀྱི་སྐུ་ཡི་བརྗིད་ཆགས་རེ་ལ། །

སངས་རྒྱས་དངོས་ཀྱི་གཟུགས་སྐུའི་དཔེ་བྱད། །

མ་ལུས་རྫོགས་ནས་རྨད་དུ་བྱུང་བའི། །

མཉམ་མེད་བླ་མའི་གསེར་ཁྲིར་ཕེབས་སོང་། །

 

 

ཁྱེད་ཀྱི་གསུང་གི་གདངས་ཚིག་རེ་ལ། །

ལྷ་རྒོད་ཐོག་པའི་བྱིན་རླབས་ཕོག་པའི། །

སྙན་དབང་གསོ་བའི་བདུད་རྩི་དངས་མ། །

ལྷ་མི་ལ་སོགས་ཡིད་དབང་འཕྲོག་སོང་། །

 

ཁྱེད་ཀྱི་ཐུགས་ཉིད་གསེར་ཀྱི་ཉི་མས། །

འགྲོ་ཁམས་ཀུན་ལ་རིས་མེད་ཕོག་པས། །

དྲིག་སེམས་མ་རུང་ལོག་པར་བཀྲོལ་ནས། །

བོན་སྤྱོད་དགེ་ལ་བློ་ཁ་བསྒྱུར་སོང་། །

 

ཁྱེད་ཀྱི་ཡོན་ཏན་འདོད་དགུ་འཇོ་བས། །

མ་ལུས་གྱེར་བསྟན་ཀུན་ལ་བརྡོལ་ནས། །

ཞྭ་དཀར་བོན་གྱི་ཅོ་པན་འཆང་བའི། །

ངན་པ་དོན་གྱི་ཁྲི་འཛིན་སོ་གསུམ། །

 

ཁྱེད་ཀྱི་མཛད་ཕྲིན་བསམ་གྱི་མི་ཁྱབ། །

མི་ཟད་རྒྱན་གྱི་འཁོར་ལོ་སྣ་ངས། །

གོ་ལ་སེར་པོ་ཡོང་ལ་བསྐོར་ནས། །

འདུལ་བྱའི་ཞིང་ཀུན་ཐར་པ་བཀོད་སོང་། །

 

གློ་བུར་ཁད་ཀྱི་དུས་ངན་ཞིག་ལ། །

ཁྱེད་ཉིད་མ་བཞུགས་གཤེགས་པ་ཐོས་དུས། །

མ་བཟོད་སེམས་ཀྱི་ན་ཟུག་དྲག་པོས། །

མིག་ལམ་སྣང་བ་དམར་ལམ་གྱུར་སོང་། །

 

གཞིས་བྱས་གཉིས་ཀྱི་དྭ་ཕྲུག་ང་ཚོ། །

མགོན་མེད་རེ་མེད་འདི་འདྲ་ལུས་ནས། །

ལོ་དང་ཟླ་བ་ཞག་གྲངས་ཁྲོད་ལ། །

སླར་ཡང་ཕེབས་པའི་རེ་སྨོན་ཞུ་ཡོད། །

 

 

སེམས་ཁང་དཀྱིལ་གྱི་སྒྲོན་མེ་ཚེ་འབར། །

ཁྱེད་ནི་དབུ་ནག་བོད་ཀྱི་བགོས་སྐལ། །

ཁྱེད་ནི་དད་འདུན་སྟོང་གི་དཀོན་མཆོག །

ཁྱེད་ཉིད་མ་བཞུགས་གཟིམས་པ་སྔ་སོང་། །

 

འོད་ཆེན་སྲིད་པའི་ཉི་མ་སེར་པོ། །

མྱུར་དུ་བདེ་ཆེན་ནུབ་རི་བརྒལ་དུས། །

ཁྲ་ཆུང་མིག་མཐའ་ཆུ་ཡིས་བརླན་ནས། །

མི་ཚེ་འདི་ལ་བརྗེད་ཐབས་དཀའ་སོང་། ། 

           ༢༠༡༧/༡༠/༣༠ཕྱི་དྲོ་ཉི་མ་ནུབ་རི་བཞུད་སྐབས་ལ་བླ་མ་དྲན་པས་གསོལ་བ་རྩེ་གཅིག་དང་ལྷན་དུ་བྲིས། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།