མཁའ་ལྡིང་དབང་པོ་གཤེགས་སོང་།

[ཟླ་ཚེས། 2017-09-29 13:38:05][རྩོམ་པ་པོ། གཙོ་ཁམས་ཆེན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1691e77627a73960db55a7a5abc98a93.jpg

དུས་གསུམ་རྒྱལ་ཀུན་མཁྱེན་རླབས་གཅིག་བསྡུས་ངོ་བོ།། 

རིས་མེད་བསྟན་འགྲོ་གཙུག་རྒྱན་སངས་རྒྱས་དངོས་བྱོན།། 

གངས་རིའི་ལྷ་སྐལ་རྗེ་གཅིག་དཔོན་གསས་བླ་མ།། 

 རྒྱལ་བའི་གདུང་འཚོབ་སྐྱབས༵་རྗེ༵་སྨན༵་རི༵་བ༵།། 


ལྷ་མིའི་བོན་འབངས་ཡོངས་ཀྱི་སྙིང་ཁོང་དེད་དཔོན།། 

སྙིགས་མ་ལྔ་བདོའི་ཉམ་ཐག་རྣམ་འདྲེན་རྗེ་བོ།། 

རབ་འབྱམས་ཐེག་དགུ་བོན་སྒོའི་ཕྱི་ནང་གསང་གསུམ།།   

བཤད་སྒྲུབ་ལུང༵་རྟོགས༵་སྐྱོང་མཛད་སྨྲ་བའི་སེང་། །


རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་བསྟན་པ།།

རིང་ལུགས་དྲི་མེད་མདོ་སྔགས་ཟུང་འབྲེལ་བོནལུགས།།

སྤེལ་ལ་ཟླ་བྲལ་མཁས་པའི་ཡོན་ཏན་ཕུང་པོ།།

མཚན་སྙན་བཟང་པོ་སྲི་ཞིའི་བླ་ན་འབར།།


སྐལ་ལྡན་བྱེ་བའི་ལང་ཚོ་རྒྱས་པར་མཛད་མཁན།།

སྨིན་གྲོལ་གདམས་པས་ཐར་བའི་སྒོ་ཆེན་འབྱེད་མཁན།།

ལུགས་གཉིས་མཛད་འཕྲིན་འགྲོ་ཀུན་རེ་བ་བསྐང་མཁན།།

མཉམ་མེད་བླ་མའི་བསྟན་པའི་དབུ་འཕང་བསྟོད།།


གངས་ཅན་མེས་པོའི་སྙིང་ནོར་གྲུབ་མཐའི་རྒྱལ་པོ།།

 ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན༵་པའི༵་ཉི༵་མ༵།།

འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་བདག་གཞོན་ནུ།།

སྐྱབས་རྗེ་མཁན་ཆེན་དམ་པའི་རྣམ་ཐར་བསྟོད་དོ།།


མགོན་པོ་ཁྱེད་ཉིད་མི་ཡུལ་གྱེས་ནས་བཞུད་དུས།། 

གནམ་ནས་མིག་ཆུའི་ཆར་བ་ཤག་ཤག་འབབས་ཤིང་།། 

ས་ནས་སྡུག་གི་སྨག་རུམ་ནག་པོ་སྒྲིབ་ཐལ།། 

ཁ་བ་གངས་རིའི་དབུ་རྩེ་ཆག་སོང་སྐྱོ།། 


འཛམ་གླིང་བོན་འབངས་ཡོངས་ཀྱི་སྐྱོ་གདུང་མནར་ཏེ།།

མིག་ཟུང་མཆུ་མའི་བརླན་ཏེ་བཀའ་དྲིན་བསམ་བཞིན།།

ཀྱེ་མ་ཀྱེ་ཧུ་གསོལ་འདེབས་གདུང་དབྱངས་དང་བཅས།།

སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས།།

ཞེས་རིས་མེད་རྒྱལ་བསྟན་གཙུག་རྒྱན་ཞྭ་དཀར་གཡུང་དྲུང་བོན་གྱི་གོང་ས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་རེ་ཞིག་སྐུ་མི་རྟག་དགོངས་པ་བོན་དབྱིངས་སུ་བྱོན་པའི་མྱ་ངན་གྱི་སྐྱོ་གདུང་འདི་སྤྱི་ལོའི་༢༠༡༧་ཟླ་བ་༩་ཚེས་༡༩ ཉིན་ཕྲན་གཙོ་ཁམས་ཆེན་ནས་དད་གུས་གཡོ་མེད་ངང་ནས་བྲིས་པ་ལགས་སོ། ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།