དད་དྲན་བླ་མེད་ཕྱིན་བཅུ།

[ཟླ་ཚེས། 2017-09-29 13:33:19][རྩོམ་པ་པོ། ཤོ་ས་ཁྲི་གཙུག་རྒྱལ་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506663353109558.jpg

ཚད་གསུམ་བཀའ་ལུ༷ང་ཀུན་རྟོ༷གས་སྨན་རི་བའི།། བསྟ༷ན་བརྒྱུད་བདག་གིར་བཟུང་པ༷འི་སྟོན་པ་སྟེ།།
དུས་ཀྱི་ཉི་༷མ་༷གཟིམས་ནས་ཉིན་དང་མཚན།། ཕྱོགས་ཀུན་རྗེས་དྲན་མཐར་ཆགས་བདལ་བའི་གྲྭར། །


བདག་ཉིད་ཟོལ་མེད་དད་སེམས་གཉུག་མའི་ངོགས།། ཕ་རོལ་ཕྱིན་བཅུའི་རྣམ་པར་ཐར་པ་ཡིས།།
བྲིད་པའི་ཚོར་ཤེས་འདུ་བྱེད་ཕྲ་མོ་ཞིག། མངོན་པརབཤམས་འདིས་རྗེས་སུ་དྲན་པར་བྱ།།


ཁྱེད་ལ་བདོག་རྒུའི་ལོངས་སྤྱོད་གཞན་དབང་སྟེ།། ཉེ་བར་འཁྲས་པའི་དྭ་བུ་བརྒྱ་ཕྲག་སོགས།།
གང་ལ་ཤེས་རིག་རྫས་ཀྱི་ནོམ་པ་དག།། ཕོངས་མེད་སྟེར་བ་སྦྱིན་པའི་ཕ་རོལ་ཕྱིན།། 


སོ་བྱང་སྔགས་ཀྱི་བཅས་མཚམས་ཕྲ་མོའི་དོན།། གཙིགས་ཆེར་འཛིན་པ་གཙོ་བོའི་འཕྲིན་ལས་ཏེ།། 

བསླབ་ཁྲིམས་སྟོང་ཕྲག་དག་པའི་བསུང་ཞིམ་གྱིས།། ཡོངས་སུ་སྐྱོམས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན།།


གཞན་གནོད་གཞི་ནས་སྟོང་པའི་འདྲེན་མཆོག་ཉིད།། ཞི་བའི་སྤྱན་ཟུང་འཛུམ་པ་མི་གཡེལ་བ།། 

བྱུང་ཚོར་བློ་རྟོག་དག་པའི་རིག་ཁམས་སུ།། སྲིད་ཞི་སྙོམས་པ་བཟོད་པའི་ཕ་རོལ་ཕྱིན།། 


བསྟན་འགྲོའི་འདུ་བྱེད་མཐའ་དག་བདག་བྱས་ཏེ།། སྐུ་ཚེ་བསྟན་དོན་འཇུག་པ་རྐྱེན་པོ་ཡིས།།

 སོས་དལ་རང་བཞིན་ཡུན་ཙམ་མི་གཡེལ་བར།། འབད་པ་རྒྱ་མཚོའི་བརྩོན་འགྲུས་ཕ་རོལ་ཕྱིན།། 


རྩེ་གཅིག་བླ་མེད་དོན་ལ་སོ་ཚུགས་ནས།། སྲིད་པའི་ཕུན་ཚོགས་སྒྱུ་མའི་དཔལ་གཟིགས་ཏེ།། 

སྣང་ཁམས་སྟོང་གཟུགས་མྱོང་བའི་ཉམས་ལེན་གྱིས།། དགོངས་རྟོགས་གཡེང་མེད་བསམ་གཏན་ཕ་རོལ་ཕྱིན།། 


གང་ལ་མི་འཇིགས་ཐུགས་སྟོབས་ཀྱིས་ཁྱོགས་ཏེ།། འཛམ་བུའི་ཤར་ནུབ་གྲུབ་པའི་མཐའ་ཀུན་ཏུ།། 

བསྟན་དོན་རྣལ་མ་སྒྲོག་པའི་ཆ་ཙམ་གྱིས།། ཀུན་ཡིད་དྲངས་པའི་ནུས་སྟོབས་ཕ་རོལ་ཕྱིན།། 


སྲིད་པ་མཐའ་ཅན་བྱེད་པའི་སྙིང་རྗེ་ཡིས།། རྒྱུ་དྲུག་སེམས་ཀྱི་གདུང་བ་ལ་དམིགས་ནས།།   

ངེས་ལེགས་བདེ་བ་བསྐྱེད་པའི་ཟབ་གདམས་གང།། ལྷུག་པར་གྲོལ་བ་སྙིང་རྗེའི་ཕ་རོལ་ཕྱིན།།


ཐུགས་དམ་མཐིལ་ན་སྤྲོས་པའི་རེ་དོགས་ཀྱི།། བསམ་པའི་འདུ་བྱེད་ཕྲ་མོ་འདས་མོད་ཀྱང་།། 

དགེ་སྦྱོར་དམིགས་མེད་ཁྱེར་བས་རྒྱས་གདབ་ཀྱི།། ཕྱག་རྒྱའི་རྩེ་རུ་སྨོན་ལམ་ཕ་རོལ་ཕྱིན།། 


སྐལ་བཟང་མོས་ཁམས་འདྲེན་པའི་བོན་གྱི་སྒོ།། འཕྲིན་ལས་བཞི་ཡི་འཇུག་པ་སྣ་ཚོགས་པ།། 

རྣམ་མང་སྟོན་ལ་བྱང་ཆུབ་འཕྲུལ་གྱི་ལམ།། གང་འདུལ་མཁས་པ་ཐབས་བཀོད་ཕ་རོལ་ཕྱིན།།


རྣམ་བཤད་སྤྲོ་བསྡུ་སྟོང་གི་བརྗོད་དོན་ཀུན།། ཁྱོད་ཡོན་དཀྱིལ་ན་མ་འདྲེས་བརྟན་པ་ཡིས།། 

གཞུང་བཟང་རྣམ་བཤད་འཛམ་བུའི་སྙན་ལ་སྒྲོན།། འཁྲུལ་རྟོག་ཀུན་སངས་ཤེས་རབ་ཕ་རོལ་ཕྱིན།། 


དེ་ལྟར་མཐར་ཕྱིན་མཛད་པ་སྟོང་ལྡན་ལས།། ཆ་ཙམ་ཡིད་ངོར་རྒྱུ་བ་འགོག་མེད་དུ།། 

ལྷ་རྫས་རིན་ཆེན་སྒྲུབ་པའི་མཆོད་སྤྲིན་དུ།། ནམ་ཡང་ཁྱོད་བརྩེའི་གུར་དུ་གཟུང་ཕྱིར་ཕུལ།། 

      ཅེས་ཞྭ་དཀར་བསྟན་སྲོག་འཛིན་པ་༧ སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་ཐུགས་དགོངས་སྟོང་དབྱིངས་སུ་ཐིམ་པར་རྗེས་དྲན་དུ་ཤོ་ས་ཁྲི་གཙུག་རྒྱལ་པོས་སུམ་གླང་ཀོ་རྒྱལ་དགོན་ནས་གདུང་དབྱངས་སུ་ཕུལ།། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།