སྨོན་རྒྱལ་ལྷ་སྲས་ཀྱི་མཛད་རྣམ་ཟུར་ཙམ་བརྗོད་པ་གཟུར་གནས་དགྱེས་པའི་གཏམ།

[ཟླ་ཚེས། 2015-01-18 22:12:46][རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༄༅། །གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དཔེ་སྐྲུན་ལས་འཕྲོས་ཏེ་སྨོན་རྒྱལ་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེའི་
མཛད་པ་ཟུར་ཙམ་བརྗོད་པ་གཟུར་གནས་དགྱེས་པའི་གཏམ་ཞེས་བྱ་བ་བཞུགས།
423.jpg

ཏི་སེ་གངས་ཀྱི་རྒྱལ་པོའི་ཞལ་ཆབ་ལས། །
སྲོག་ལྡན་གསོས་སུ་ཁ་འབབ་ཆེ་བཞི་གྲུབ། །
རྣམ་མཁྱེན་གཤེན་རབ་རྒྱལ་བའི་དགོངས་ཀློང་ནས། །
སྒོ་བཞི་མཛོད་བཅས་མུན་སེལ་འོད་སྟོང་འབར། །

ལོ་ཆེན་དྲུག་གི་ཐུགས་བསྐྱེད་ཤིང་རྟ་ཡིས། །
ཤེས་རིག་དཔལ་ཡོན་འོད་སྟོང་འཛིན་པ་ཉིད། །
ཞང་ཞུང་ཡུལ་ནས་དཀར་ནག་རྒྱ་དང་བོད། །
ལེགས་དྲངས་ཡུལ་ཁམས་གང་དག་རྨོངས་མུན་སེལ། །

ཆུ་ཕྲན་སྟོང་གི་འབྱུང་ཁུངས་གངས་རི་བཞིན། །
གདོང་དམར་བོད་ཙམ་མ་ཡིན་གཞན་དག་སྟེ། །
ཉེ་གནས་ཆེན་པོའི་རྒྱལ་ཁམས་ཇི་སྙེད་ཀྱི། །
ཤེས་རིག་འགོ་མ་བོན་གྱི་ཤུགས་རྐྱེན་ཐེབས། །

འདི་ནི་རྟོག་བཟོ་མཁན་པོའི་ལྷ་སྒྲུང་དང་། །
རིས་ཅན་ལབ་བརྡོལ་རང་ལྟ་མཆོག་འཛིན་སོགས། །
བསླད་ཀྱིས་མ་སྒྲིབ་ལོ་རྒྱུས་བདེན་པའི་ཚིག །
གཟུར་གནས་བློ་ངོར་ཆོས་ཉིད་བཞིན་དུ་གྲུབ། །

རང་གི་ཤེས་རིག་ཁུངས་ཕུགས་གཞན་ལ་གཏུག །
བོན་ལ་བསྐུར་འདེབས་གཤེན་ལ་སྡང་བ་སོགས། །
ཕྱི་རབས་བུ་རུལ་ཡབ་མྱེས་རྒོལ་བ་ཡང་། །
དྲིན་ལན་ལོག་འཇལ་ཀྱེ་མ་ཐབས་རེ་རྡུགས། །

དེའི་ཕྱིར་འཕྲུལ་ངག་བོན་དང་སྟོན་པ་དང་། །
འཛམ་གླིང་རྒྱན་དྲུག་མཁས་པ་མི་བཞི་སོགས། །
ཡབ་མྱེས་གསེར་རི་ཕྲེང་བའི་བཀའ་དྲིན་ནི། །
སྲིད་མཐའི་བར་དུ་གཞལ་ཀྱང་རྫོགས་མཐའ་བྲལ། །

བགྲང་བྱ་བཞི་སྟོང་ཕྱིན་པའི་གཤེན་རབ་བཀའ། །
བོད་ཀྱི་མཁས་པས་ཞང་ཞུང་བརྡ་སྐད་ལས། །
ལེགས་པར་བསྒྱུར་ཏེ་རྒྱ་ཁྱབ་སྤེལ་བ་ལ། །
གཡུང་དྲུང་བོན་གྱི་བཀའ་འགྱུར་ཅེས་སུ་གྲགས། །

དེའང་གཞན་སྡེའི་རྗེས་སུ་ལད་ཟློས་ཙམ། །
ཁྱེད་ལ་མཆིས་ན་ང་ལའང་ཡོད་དགོས་ཞེས། །
ཨུ་ཚུགས་ལམ་ནས་བཙན་ཀྱིས་བསྒྲིགས་མིན་པར། །
རང་སྐད་རང་ལྟ་རང་གཞུང་གཙང་མ་ཉིད། །

དམ་པ་དང་ནི་ཁུ་རན་གསུང་རབ་དང་། །
བུ་རམ་ཤིང་པའི་བཀའ་ཡི་འགྱུར་རོ་ཅོག །
ཆེན་པོ་ཆོས་ལུགས་གསུམ་གྱི་སྙིང་བཅུད་བཞིན། །
གཤེན་རབ་བཀའ་གསུང་བོན་གྱི་སྲོག་རྩ་ཡིན། །

རྣམ་མཁྱེན་གང་གི་བཀའ་ལུང་མཆིས་སོ་ཅོག །
མདོ་སྡེ་འབུམ་སྡེ་སྔགས་སྡེ་སེམས་སྡེ་བཞི། །
དཀར་ཆག་ངོ་མཚར་ཉི་མ་འབུམ་འོད་ཅེས། །
ཀུན་གྲོལ་གྲགས་པས་ཕྱོགས་སུ་བསྡུས་ཏེ་སྤེལ། །

དེ་ནས་རབ་བརྟན་དང་ནི་ཆུ་ཆེན་རྒྱལ། །
ཀུན་དགའ་ཕུན་ཚོགས་མི་དབང་རྣམ་གཉིས་ནས། །
བསོད་ནམས་ཆེན་པོའི་ཚོགས་སུ་རྒྱལ་བའི་བཀའ། །
ཀུན་གྲོལ་དྲིན་ལས་པར་གཞི་རྣམ་གཉིས་བཞེངས། །

རེ་ཞིག་ལས་རླུང་བཙན་པོའི་དུས་འགྱུར་ཁྲོད། །
བརྟུད་མར་པར་ཤིང་རྣམ་གཉིས་དབྱིངས་སུ་བརླག །
དེས་ན་པར་མ་ཐ་ཐོར་ལག་བྲིས་ལས། །
བཀའ་འགྱུར་ཆེན་མོ་རྒྱ་ཁྱབ་འགྲོ་ཐབས་བྲལ། །

དེ་ནས་དམངས་གཙོ་བཅོས་བསྒྱུར་སྲིད་འགྱུར་གྱིས། །
ཀྲུང་གོའི་ཡུལ་གྱི་ཆོས་སྤེལ་རིགས་ཀུན་བརླག །
རྒྱལ་བའི་བཀའ་ཡང་རྨོངས་དད་ཕུང་པོར། །
བརྩིས་ཏེ་བསྲེག་ཟའི་ལྟོ་བར་འཐིམ་པར་གྱུར། །

མུན་ནག་སྟུག་པོའི་ཁྲོད་ཀྱི་འོད་མདའ་བཞིན། །
ཀུན་གྲོལ་སྲས་མོ་མཁའ་སྤྱོད་དབང་མོ་དང་། །
ལས་ལྡན་འགའ་ཡིས་དུས་འགྱུར་ཆེན་པོའི་ནང་། །
བཀའ་འགྱུར་བྲིས་མ་ལྐོག་ཏུ་ཉར་བ་མཛད་། །

སྲིད་ཇུས་ཉིན་བྱེད་དགྲ་གཅན་ལྟོ་བ་ལས། །
ཐར་ཏེ་གངས་ལྗོངས་དཔྱིད་དཔལ་ཤར་བའི་དུས། །
དབལ་ཁྱུང་དགོན་གྱི་བཀའ་འགྱུར་བྲིས་མ་འདི། །
ཨེ་མ་སྐྱེ་རྒུའི་བསོད་ནམས་སྐལ་དུ་ལྷག །

དེ་ནས་མེ་ཏོག་ཕོག་པའི་ལྷ་སྐལ་བཞིན། །
ཀུན་གྲོལ་དྲུག་པ་ཧཱུྃཿཆེན་གདུང་སྲས་སུ། །
སྐྱེ་བ་བཞེས་པའི་མི་ཕམ་རྣམ་པར་རྒྱལ། །
བཀའ་འགྱུར་འཕྲུལ་པར་འདེབས་པའི་རྟེན་འབྲེལ་འགྲིག །

བསྟན་འགྲོའི་དོན་དུ་སྲོག་གི་མཆོད་པའང་། །
འབུལ་ལོ་སྙམ་པའི་ཐུགས་སྟོབས་རླབས་པོ་ཆེས། །
རྒྱུ་དང་ཚེགས་ཀྱི་དཀའ་ཁག་རབ་སེལ་ཏེ། །
སྤུས་ལེགས་བཀའ་འགྱུར་བསྟན་པའི་གསོས་སུ་བསྐྲུན། །

གྱེར་བསྟན་བྱིན་རླབས་ལྷག་ཏུ་ཆེ་བ་འདི། །
བཀའ་ཡི་རྒྱུད་པ་ཟམ་མ་ཆད་པའི་དྲིན། །
དེའི་ཕྱིར་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་ཡང་། །
ཆབས་ཅིག་ལྷ་ཡི་སྲས་པོས་འབད་དེ་སྲིངས། །

ལྔ་བརྒྱ་ཐ་མར་གྱུར་བའི་དུས་སུ་ནི། །
ང་ཉིད་མི་བྱོན་ཡིག་འབྲུ་འབྱོན་ཞེས་པའི། །
སྟོན་པའི་ཞལ་གསུང་རྩ་དོན་དུ་བཀུར་ཏེ། །
གསུང་རབ་སྤེལ་འདི་འགྲོ་དོན་ཀུན་ལས་མཆོག །

གཤེན་བསྟན་སྲོག་རྩ་དམར་པོ་སྲུང་བ་འདི། །
ཀུན་གྲོལ་ལྷ་ཡི་གདུང་སྲས་འཕྲིན་ལས་ཏེ། །
ཚོགས་གཉིས་རྒྱ་མཚོ་བསྲུབས་པའི་བྱིན་མཐུ་ལས། །
སྐྱེ་བ་འདི་ཡི་མཛད་པ་དང་པོར་གྲུབ། །

ཀ་མ་རུ་པའི་རྡོ་ཡི་རྒྱུ་སྤུས་ལེགས། །
ནང་དུ་བྱིན་ཆེན་རྟེན་རྫས་དཔག་མེད་བརྫངས། །
སྟོན་པའི་ཐུགས་སྤྲུལ་ཀོང་པོ་བོན་གྱི་རིར། །
འཆི་མེད་གཙུག་ཕུད་སྐུ་བརྙན་ལྷམ་མེར་བཞེངས། །

ཐེག་ཆེན་བོན་གྱི་བསྟན་པ་ཉིན་མོར་བྱེད། །
འགྲོ་བའི་བསོད་ནམས་དགུང་ནས་མི་ནུབ་ཕྱིར། །
ཐུགས་བསྐྱེད་ཟབ་མོས་སྟོན་པ་སྐུ་ཡི་རྟེན། །
ལེགས་པར་བཞེངས་འདི་མཛད་པ་གཉིས་པར་གྲུབ། །

བཅོམ་ལྡན་འདས་ཀྱི་ཐེག་པ་ཆུང་ངུའི་བསྟན། །
བླ་ལྷག་དར་བའི་ཐེ་ལན་རྒྱལ་ཁབ་ཏུ། །
ཐེག་ཆེན་བོན་བསྟན་དར་བའི་རྟེན་འབྲེལ་དུ། །
རང་ལུགས་མཆོད་རྟེན་བཞེངས་པའི་ཐུགས་བཀོད་མཛད། །

ཡུལ་གྲུ་གཞན་དུ་ཐུགས་རྟེན་བཞེངས་པས་ཀྱང་། །
བོན་གྱི་བསྟན་པ་མཐའ་ནས་དར་བའི་རྟགས། །
བདེན་པའི་ར་སྤྲོད་ལྷ་ཡིས་སྲས་པོས་སྦྱིན། །
འདི་ཡང་གང་གི་མཛད་པ་གསུམ་པར་གྲུབ། །

སྐུ་ཡི་ཚབ་ཏུ་མཐོང་བ་རང་གྲོལ་བཞེངས། །
གསུང་གི་དོད་དུ་རྒྱལ་བའི་བཀའ་འགྱུར་དཔར། །
ཐུགས་ཀྱི་རྟེན་དུ་གཡང་དྲུང་བཀོད་ལེགས་བསྐྲུན། །
ཀུན་གྲོལ་ལྷ་སྲས་མཛད་འཕྲིན་བསམ་མི་ཁྱབ། །

གཞན་ཡང་ཀུན་གྲོལ་གྲགས་པའི་བཀའ་འབུམ་དང་། །
ཚོགས་བསགས་སྒྲིབ་སྦྱངས་འཁོར་ལོའི་རྣམ་གྲངས་བཅས། །
ལོ་རེར་ཚེ་བླུ་འབུམ་ཕྲག་མང་པོ་སོགས། །
ཀུན་གྲོལ་ལྷ་སྲས་འགྲོ་དོན་བརྗོད་ཐབས་བྲལ། །

ཕྱི་ཡི་མཛད་པ་དཀྱུས་མའི་ལུགས་སུ་འཆང་། །
ནང་གི་རྟོགས་པ་ཉིན་བྱེད་བཞིན་དུ་གསལ། །
གསང་བའི་ལུགས་སུ་དྲན་པའི་ཐུགས་སྤྲུལ་ཏེ། །
ཀུན་གྲོལ་ལྷ་སྲས་མཛད་འཕྲིན་བླ་ན་མེད། །

རྒྱུད་སྡེ་རྒྱ་མཚོའི་དབང་ཁྲིད་གཏེར་དུ་གྲུབ། །
རྫོགས་པ་ཆེན་པོའི་ཉམས་བཞེས་བཙན་ས་ཟིན། །
ཉ་གང་ཟླ་བཞིན་འགྲོ་དོན་གྲུབ་པའི་མོད། །
ཆུ་ལྷའི་ཕང་བར་རེ་ཞིག་གཟིམས་པར་མཛད། །

གང་གི་མཛད་སྤྱོད་ནང་གི་ཡོན་ཏན་སོགས། །
ཆེ་བརྗོད་ཚིག་རིས་རྒྱན་ཆས་མ་སྤྲས་པར། །
ཐུན་མོང་སྣང་ངོའི་མཛད་པ་ཟུར་ཙམ་ཞིག། །
རྗེས་སུ་དྲན་པའི་ཕྱིར་དང་གསལ་འདེབས་ཙམ། །

འདི་འབད་ཡོན་ཏན་ཆ་ཤས་ཡོད་གྱུར་ན། །
ཚེ་རབས་ཕྲེང་བར་བླ་མས་རྗེས་བཟུང་ཞིང་། །
གཡུང་དྲུང་བོན་གྱི་བསྟན་ལ་རབ་དད་ནས། །
འགྲོ་ཀུན་སྒྲོལ་བའི་བྱེད་པོར་འགྱུར་བར་སྨོན། །

ཞེས་པ་འདི་ནི་རྒྱལ་དབང་ཀུན་གྲོལ་དྲུག་པ་ཧཱུྃཿཆེན་འགྲོ་འདུལ་གླིང་པའི་གཏེར་སྲས་སུ་བསྔགས་པའི་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེ་སྐྱེ་བ་འདི་ཡི་འགྲོ་དོན་རེ་ཞིག་རྫོགས་ནས་ངོ་མཚར་ལྟས་དང་བཅས་ཏེ་དགོངས་པ་བོན་ཉིད་དབྱིངས་སུ་འཐིམས་པའི་རྐྱེན་གྱིས་བསྐུལ་ཏེ། གང་གི་ནམ་ཡང་བརྩེ་གཟིགས་ཀྱི་དྲོད་སྐྱིད་མྱོང་བའི་གུས་འབངས་གྱི་ན་བ་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་བླ་མའི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཀུ་ཤུ་རྩེ་ཡིས་ཆུ་ཐིགས་ཙམ་ཞིག་བླངས་ནས་ཆེ་བརྗོད་ཚིག་གི་རྒྱན་དང་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་དཀྱུས་མའི་གླེང་མོའི་ཚུལ་དུ་སྐལ་མཉམ་འགྲོ་བའི་བློ་ལ་འཚམས་ཕྱིར་སྤྱི་ལོ༢༠༡༥ལོའི་ཟླ་༡ཚེས༦མགོན་པོ་གང་གི་གདུང་ཞུགས་འབུལ་ཉིན་དད་སེམས་དང་སྐྱོ་ཤས་འདྲེས་མའི་ངང་དུ་སྤོས་ལྡན་གྲོང་གི་རང་ཤག་ནས་ཚུལ་ཆེན་རིན་པོ་ཆེ་ཚང་གིས་ཆེད་དུ་གསུངས་པའི་ཡང་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་ངག་ཏུ་སྐྱོར་བཞིན་སུག་བྲིས་སུ་བགྱིས་པའོ། །

 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།