ཀུན་མཁྱེན་ཤར་རྫ་བ་འཇའ་ལུས་པ་ཆེན་པོའི་ཞལ་གདམས།

[ཟླ་ཚེས། 2015-04-14 10:41:07][རྩོམ་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSCF2150.jpg

ཀུན་མཁྱེན་ཤར་རྫ་བ་འཇའ་ལུས་པ་ཆེན་པོའི་ཞལ་གདམས་བསྐལ་བཟང་རྒྱུད་སྨིན་ཞེས་པ་ལས་ཟུར་དུ་ཕྱུང་བ།


བཅོས་མེད་དད་པའི་པད་དཀར་བཞད་པའི་རྩེར།།
འབྲལ་མེད་གདུང་ཤུགས་འོད་ལྔའི་ཀློང་དཀྱིལ་དུ།།
ཚད་མེད་ཐུགས་རྗེའི་བླ་མ་ཤེར་བཞིན་མཚན།།
སྙིང་ནས་སྤྲང་པོས་མོས་པས་གསོལ་བ་འདེབས།།

 

རྣམ་གཡེང་ནད་ཀྱིས་ཟིན་པའི་སྤྲང་པོ་ངས།།
དོན་མེད་འདུ་འཛིའི་འབྲེལ་ཐག་མ་བཅད་ན།།
འཁོར་བའི་བྱ་བཞག་ལས་ལ་ཟིན་དུས་མེད།།
ད་ནི་བྱར་མེད་གཅིག་ལ་དྲིལ་སྙིང་འདོད།།

 

རང་རྒྱུད་མ་གྲོལ་གཞན་ལ་དགེ་བསྐུལ་མཁན།།
རང་ཁེངས་དྲེགས་པའི་ཉོན་མོངས་མི་ཐུལ་ན།།
ཇི་ཙམ་འབད་ཀྱང་གཤིས་ངན་གྲོལ་དུས་མེད།།
ད་ནི་རང་རྒྱུད་རང་གིས་འདུལ་སྙིང་འདོད།།

 

བག་མེད་གཏམ་ལ་དགའ་བའི་འདྲི་བཤད་མཁན།།
འཛད་མེད་ངག་འཁྱལ་སྨྲ་བ་མི་བཞག་ན།།
ཆགས་སྡང་རྩོད་པའི་ཉོན་མོངས་ཞི་དུས་མེད།།
ད་ནི་མི་སྨྲ་ལྐུགས་པར་བྱེད་སྙིང་འདོད།།

 

འཁོར་གཡོག་གྲོགས་ལ་ཆགས་པའི་འགྲོགས་འདྲིས་མཁན།།
གཉེན་འདུན་གདུང་བའི་བཤལ་ཐག་མི་བཅད་ན།།
སུ་དང་འགྲོགས་ཀྱང་ཆོས་དང་འགལ་བའི་མི།།
ད་ནི་རོགས་མེད་གཅིག་པུར་རྒུར་སྙིང་འདོད།།

 

འཛིན་ཆགས་མ་ཞིག་ནོར་ལ་ཞེན་ཆགས་ཅན།།
ཅི་ཡང་དགོས་མེད་རྒྱུད་ལ་མ་ཤར་ཚེ།།
བག་ཆགས་འཁོར་བའི་ས་བོན་ཟད་དུས་མེད།།
ད་ནི་ཆགས་མེད་བྱ་བྲལ་བྱེད་སྙིང་འདོད།།

 

ཟ་འདོད་གྲོང་དུ་འཁྱམས་པའི་གཞན་དོན་མཁན།།
ངོམས་མེད་དཀོར་ནག་བཟའ་བ་མི་བཞག་ན།།
ལས་ཀྱི་སྒྲིབ་པ་འཐུག་པོ་འཛད་དུས་མེད།།
ད་ནི་སྤྲང་པོ་རི་ལ་འཁྱམས་སྙིང་འདོད།།

 

ནོར་ལ་ཆོག་མི་ཤེས་པའི་གསོག་འཇོག་མཁན།།
གང་མཐོང་བདག་ཏུ་བཟུང་བ་མི་བསྐྱུར་ན།།
འཁོར་བའི་སྡུག་བསྔལ་འདི་ལས་ཐར་དུས་མེད།།
ད་ནི་ཅི་མེད་སྤྲང་པོར་བྱེད་སྙིང་འདོད།།

 

མཛེས་དགུ་ལུས་ལ་བགོ་བའི་འཕྱོ་ར་ཅན།།
བཟང་འདོད་གོས་ཀྱིས་བརྒྱན་པ་མི་བསྐྱུར་ན།།
རྟག་ཏུ་སེར་སྣའི་ལས་ངན་འཛད་དུས་མེད།།
ད་ནི་གོས་མེད་གཅེར་བུར་དབྱུང་སྙིང་འདོད།།

 

ལང་ཚོ་གཟུགས་ཀྱིས་བརྒྱགས་པའི་རང་ཁེངས་ཅན།།
ཞིམ་དགུའི་བཟའ་བཏུང་རོལ་བ་མི་བསྐྱུར་ན།།
ཉོན་མོངས་ཆགས་པའི་འདོད་སེམས་སྤང་དུས་མེད།།
ད་ནི་ལྟོ་རྒྱབ་སྤྲང་ལ་སྦྱར་སྙིང་འདོད།།

 

ཆགས་སྡང་ཞེན་པ་རགས་པའི་དགེ་སྒྲུབ་མཁན།།
བརྩེགས་པའི་ཁང་བུ་བསྐྱུར་དུ་མི་འདོད་ན།།
གང་སྒྲུབ་འཁོར་བའི་ལས་ལས་འཕགས་མི་ནུས།།
ད་ནི་འཁྲས་སའི་མཁར་ཁང་བསྐྱུར་སྙིང་འདོད།།

 

སྐྱིད་འདོད་མལ་དུ་ཉལ་བའི་ཉམས་ལེན་མཁན།།
རྟག་ཏུ་ལེ་ལོའི་དགྲ་དཔུང་མི་གཞོམ་ན།།
མལ་དགུའི་འབོལ་གདན་ཕིག་ཀྱང་ངལ་བའི་རྒྱུ།།
ད་ནི་མི་ཉལ་བརྩོན་འགྲུས་བསྐྱེད་སྙིང་འདོད།།

 

ཡུལ་དགུའི་སྐྱིད་ས་འཚོལ་བའི་རོ་སྙོམས་མཁན།།
གང་བྱུང་སྡུག་བསྔལ་ལམ་དུ་མི་སློང་ན།།
རྒྱལ་ཁམས་མཐའ་ནས་བསྐོར་ཀྱང་ངལ་བའི་རྒྱུ།།
ད་ནི་མི་འགྲོ་སྤྲང་པོ་ཉལ་སྙིང་འདོད།།

 

ཉམས་ལེན་དཔེ་ཁར་ཤོར་བའི་ཐོས་བསམ་མཁན།།
རང་རྒྱུད་ཉོན་མོངས་འདུལ་དུ་མི་མཁས་ན།།
ཐེག་དགུ་བློ་ལ་ཆུད་ཀྱང་ངལ་བའི་རྒྱུ།།
ད་ནི་ཐོས་མེད་དོན་གཅིག་དྲིལ་སྙིང་འདོད།།

 

ཟིན་མེད་བྱ་བ་མང་བའི་མང་ག་ཡིས།།
དོན་མེད་རྣམ་གཡེང་འདི་ལ་ཡིད་སྐྱོ་ནས།།
མི་མེད་དབེན་པའི་རི་ལ་སྙེགས་འདོད་ཀྱི།།
ཁ་བཤད་རྐྱང་པའི་གཏམ་འདི་རང་ལ་བྱས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།