སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་མཇལ་བཅར་ཞུས་པ།

[ཟླ་ཚེས། 2018-01-02 21:03:02][རྩོམ་པ་པོ། གཡུང་དྲུང་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1514898562589535.jpg

   དེ་ཡང་<<རིག་འཛིན་མཁའ་འགྲོའི་སྙན་རྒྱུད་བསྟོད་པ་རྣམ་རྒྱལ་ཁང་བཟང་>>ལས། ‘‘བདེར་གཤེགས་དགོངས་བརྒྱུད་བླ་མ་ཆེ་དྲུག་དང་། །གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང་། །ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང་། །བྲུ་ཞུ་སྤ་རྨེའིུ་གཙུག་རྒྱན་རིན་པོ་ཆེ།’’ ཞེས་འཛམ་གླིང་བོན་གྱི་གཙུག་རྒྱན་ཏུ་བསྔགས་པའི་༸རྒྱལ་བ་གཉིས་པ་སངས་རྒྱས་སྨན་རི་བ་གང་ཉིད་ཀྱི་ཁྲི་འཛིན་རིམ་བྱོན་ཕེབས་ཚུལ་ནི། <<རྗེ་ཡི་ཞལ་གདམས་ལུང་བསྟན་>>ལས།‘‘སློབ་མ་རིན་ཆེན་རྒྱལ་མཚན་ལ། ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད། །འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །དེ་ཕྱིར་དགོན་འདིར་ཚོགས་པ་ཡི། །མཚན་ཉིད་རབ་འབྱམས་གང་ཐོན་པ། །ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །གང་བབས་ང་ཡི་གདན་སར་བཀོད། །ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས། །བསྟན་དང་འགྲོ་དོན་ནུས་པ་འབྱུང་། །’’ཞེས་གསུངས་པ་ལྟར།

1514898562229660.jpg

    གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་དབུ་བཞུགས་ཀྱིས་དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་དམ་ཅན་རྒྱ་མཚོར་བདེན་པ་བདར་ནས་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པར་རྟགས་སྒྲིལ་དུ་བབས་པའི་དགེ་བའི་བཤེས་གཉེན་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནི། ༸སྐྱབས་རྗེ་སྨན་རིའི་མཁན་སློབ་གོང་མ་རྣམ་པའི་ཐུགས་རྗེའི་སྐྱབས་འོག་ནས་༸ཞྭ་དཀར་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་དང་། ཐུན་མོང་རིག་པའི་གནས་བཅས་ལ་གསན་བསམ་ཕུལ་དུ་ཕྱིན་པའི་༸གདན་ས་སྨན་རིའི་དགེ་བཤེས་མིང་དོན་མཚུངས་པ་ཞིག་ཡིན་པ་མ་ཟད། སྔ་ཕྱིར་༸སྐྱབས་རྗེ་ཞིང་གཤེགས་དམ་པའི་བཀའ་དགོངས་ལྟར་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། ༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་། ༸དཔལ་ལྡན་སྨན་རི་ཚང་། ༸དབུས་གཡུང་དྲུང་བོན་འཛིན་ཚོགས་བཅས་སུ་ཐེག་པ་རིམ་འཛེགས་ཀྱིས་ཕྱག་ལས་ཞབས་ཞུའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་། 

1514898560199796.jpg

   ལྷག་པར་ཏུ་ངེད་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་སུ་ཐོག་མར་སྤྱི་གཉེར་ཆེན་མོ་དང་། དེ་ནས་རིམ་བཞིན་དྲུང་ཆེའི་ཐུགས་འགན་བཞེས་པ་སོགས་རང་ཉིད་དང་ལས་ཁུངས་གཅིག་ནང་ལོ་མང་རིང་མཉམ་ལས་ཀྱི་རྒྱུས་མངའ་ཡོད་པའི་ངོས་ནས་ཞུས་པ་ཡིན་ན། ཁོང་རིན་པོ་ཆེ་ལྟ་བུ་ལྷ་བླའི་ལུང་རྟགས་ཏུ་བབས་པ་ནི་ཅི་ནས་ཀྱང་ང་ཚོས་གསོལ་བ་བཏབ་པ་བཞིན་མ་ནོར་མ་འཆུགས་པ་ཞིག་ཏུ་ངོས་འཛིན་ཆོག་པས། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣་པ་མཆོག་ཞིང་ཁམས་གཞན་དུ་གཤེགས་ཀྱང་༸སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་དཀར་བའི་འཛམ་གླིང་ས་ཕྱོགས་གང་ན་སུ་བཞུགས་ཀུན་གྱིས་༸རྒྱལ་བ་སྨན་རི་རྣམ་ཚང་གི་མ་འོངས་སྤྱི་སྒོས་བསྟན་འགྲོའི་ཕྱག་ལས་གང་ཐད་ནས་ཀྱང་ཐུགས་ཚབས་མི་དགོས་པར་ཐུགས་ལྷོད་པོར་བཞུགས་ཆོག་པའི་གཏམ་སྙན་གདེངས་སྤོབས་ཆེན་པོའི་སྒོ་ནས་ཞུ་རྒྱུ་དང་། 

1514898561818765.jpg

   དེ་བཞིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནི་ལས་ཁུངས་འདིའི་མཚན་གནས་རྗེས་དྲན་གྱི་མཚན་འཛིན་ཚོགས་གཙོ་ཡིན་སྟབས། ད་ལན་༸དབུས་ཀྱི་དྲུང་ཆེ་ཞིག་ཚོགས་གཙོའི་མཚན་ནས་སུ་འཕོ་འགྱུར་ཕྱིན་པ་ནི་ང་ཚོའི་ལས་ཁུངས་འདིའི་ངོས་ནས་ཆ་བཞག་ནའང་གོ་རིམ་དང་ལྡན་ཞིང་མ་འགྲིག་རྟེན་འབྲེལ་རང་འགྲིག་ཏུ་གྱུར་འདུག་པས། ངེད་ཅག་ལས་རོགས་ཚོགས་མི་རྣམ་པ་དེ་རིང་ཞོགས་པར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤་པ་རིན་པོ་ཆེ་མཆོག་ལ་རྟེན་འབྲེལ་མཇལ་བཅར་ཞུས་པ་དང་། 

1514898561140713.jpg

   ཁོང་རིན་པོ་ཆེ་མཆོག་ནས་ཀྱང་བསྟན་པ་སྤྱི་སྒོས་ཀྱི་ལས་དོན་བྱེད་ཕྱོགས་དང་ལྷག་པར་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནི་སྤྱི་ཁྱབ་ཀྱི་ལས་ཁུངས་ཨ་མ་དེ་ཡིན་སྟབས་ལས་གཞི་རྣམས་ཉམས་པ་མེད་པར་མུ་མཐུད་མཇུག་སྐྱོང་དགོས་ཚུལ་སོགས་བླངས་དོར་བཀའ་སློབ་ཟབ་རྒྱས་གནང་བྱུང་བར་མ་ཟད། 

1514898561115174.jpg

   ཕྲན་ཚོའི་ངོས་ནས་ཀྱང་དེ་འབྲེལ་གྱི་ལམ་སྟོན་དང་སེམས་ཚོར་དག་ལྷུག་པོར་ཞུས་ཤིང་མཐར་དྲན་རྟེན་གྱི་སྐུ་པར་མཉམ་བསྒྲོན་བྱས་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་སྐལ་བཟང་དུ་འབོད་པས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་ཤག་ཉི་འོད་འཁྱིལ་པ་ནས་ཕྱི་ལོ་༢༠༡༧་ཟླ་༡་ཚེས་༢་ཉིན། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།