གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་སྙན་ཞུ།

[ཟླ་ཚེས། 2017-12-17 09:38:31][རྩོམ་པ་པོ། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1513474931254317.jpeg

༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་དང་ངོ་སྤྲོད་སྐོར།

  ལུང་ལས་ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར།  ཞེས་པ་ལྟར་བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་ཐོག་མར་འགོ་འཛུགས་དང་། བར་དུ་ལས་ཀའི་བརྒྱུད་རིམ།  ཐ་མའི་གྲུབ་འབྲས་གསུམ་དགོས་པ་ནི་ལས་དོན་གང་ཞིག་གི་རྩ་བའི་གྲུབ་ཆ་ཡིན་པར་བརྟེན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གིས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ་ལོ་ངོ་གཅིག་རིང་འབད་བརྩོན་གནང་བའི་ཕྱག་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ངོ་སྤྲོད་སྐོར་གྱི་དེབ་ལ་མཚོན་ན་སྡེ་ཚན་དང་པོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་ཚུལ་སྤྱིར་བསྟན་པ་དང་། སྡེ་ཚན་གཉིས་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ། སྡེ་ཚན་གསུམ་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་སོ་སོའི་ཚོགས་མི་སོ་སོའི་མཚམས་སྦྱོར་ངོ་སྤྲོད་གནང་བ། སྡེ་ཚན་བཞི་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི་ལས་དོན་ཁག་ངོ་སྤྲོད། སྡེ་ཚན་ལྔ་པ་བོན་ནམ་ཞང་ཞུང་ཤེས་རིག་སྐོར་གྱི་ཆ་འཕྲིན་གནད་བསྡུས་བཅས་ས་བཅད་ལྔའི་བདག་ཉིད་ཅན་གྱི་རང་ཚོགས་པའི་ངོ་སྤྲོད་དང་འབྲེལ་བའི་ལོ་རྒྱུས་དེབ་གཅིག་རྩོམ་སྒྲིག་དང་དཔར་སྐྲུན་གྱི་འགྲོ་གྲོན་སྒོར་ཁྲི་གསུམ་དང་སྟོང་གཉིས་དེ་སྐུ་སྒེར་གྱིས་འགྲོ་གྲོན་བཏང་གནང་ཡོད་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ཆེའི་མི་དམངས་རྣམས་ལ་ཤེས་རྟོགས་དང་ཁྱབ་བསྒྲགས་ཡོང་ཆེད་རང་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་བོད་རྒྱ་ཤན་སྦྱར་ཅན་ཚར་ཁྲི་གཅིག་དཔར་བསྐྲུན་བྱས་ཏེ་ས་ཕྱོགས་གང་སར་འགྲེམས་སྤེལ་དང་ཁྱབ་བསྒྲགས་གནང་དང་གནང་བཞིན་པ།

 ༢༽གཞུང་སྒྲུབ་ཁང་ཉོ་སྒྲུབ་སྐོར། 

   མཉམ་འབྲེལ་ལྷན་ཚོགས་སྤྱི་ལོ། ༢༠༠༧ལོར་དབུ་བརྙེས་པ་ནས་བཟུང་༢༠༡༦ལོ་བར་ལོ་ངོ་དགུའི་རིང་ཆ་རྐྱེན་མ་ལྡན་པའི་གནས་ཚུལ་འོག་རང་ཚོགས་པ་གནས་ཡུལ་ངེས་མེད་དུ་སྡོད་དགོས་བྱུང་བར་བརྟེན་༢༠༡༦ལོར་ཚོགས་གཙོ་རྩེ་ཞིག་ཚང་གིས་དབུ་ཁྲིད་གནང་སྟེ་གཞུང་སྒྲུབ་ཁང་ཉོ་སྒྲུབ་ཆེད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རེ་རེ་བཞིན་མཐུན་རྐྱེན་གཞོག་འདེགས་གནང་རྒྱུའི་འབོད་བསྐུལ་དང་རེ་བ་ནན་ཞུ་བྱས་པས་ཚོགས་མི་སོ་སོའི་ངོས་ནས་ཀྱང་དགོངས་པ་ཆེ་བཞེས་གནང་སྟེ། ཟུར་གསལ་རེའུ་མིག་ལྟར་ཁྱོན་བསྡོམས་སྒོར། ཁྲི་གཉིས་བརྒྱ་དྲུག་དང་བརྒྱད་སྟོང་བདུན་བརྒྱ་སོ་དགུ་བྱུང་ལ། དེ་ཁོངས་ཁྲེན་ཏུའུ་གཞུང་སྒྲུབ་ཁང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ཉི་ཤུ་ལ་སྒོར། 1670508 དང་།  ཁང་པ་མཛེས་བཟོའི་ཆེད་འགྲོ་གྲོན་སྒོར། 274587  གཞུང་ལས་ཁང་གི་ཡོ་ཆས་དང་ཁྱིམ་ཆས་བཅས་ལ་སྒོར། ཁྲི་ཉི་ཤུ 200000 ཁྱོན་བསྡོམས་པའི་སྒོར་ཁྲི་ཉིས་བརྒྱ་བཅུ་བཞི་དང་ལྔ་སྟོང་གོ་ལྔ། 2145095  འགྲོ་གྲོན་བཏང་བའི་རྩིས་ཁྲ་ཞིབ་གསལ་ཟུར་དུ་ཚོགས་པའི་རྩིས་ཁྲ་ཕར་བཏང་ཁོངས་སུ་བཞག་ཡོད། དེ་ནས་མཚན་འཛིན་ཚོགས་གཙོ་གཤེན་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་བླ་མེད་འོག་ཚོགས་གཙོ་རྩེ་ཞིག་ཚང་དང་བློ་འདྲི་མི་སྣ་རྟོགས་ལྡན་བསྐལ་ཁོ། དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་གྲགས་དང་དྲུང་གཞོན་རིན་སྤུངས་ཚུལ་བསྟན། རྒྱུན་ལས་ལས་འཛིན་ཨ་དཔལ་བཟང་། རྒྱུན་ལས་ལས་འཛིན་ནོར་བུ་དབང་འདུས་བཅས་ཀྱིས་གཞི་རྩའི་ཆ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ས་ཁང་ཉོ་བསྒྲུབ་དང་། ཁང་པའི་མཛེས་བཟོ།  གཞུང་ལས་ཁང་གི་ཅ་ལག་སྒྲིག་བཀོད།  གཞུང་ལས་ཁང་གི་གཟིམ་ཤག་དང་ཉལ་ཆས།  ཐབ་ཚང་གི་ཅ་ལག་སྒྲིག་སོགས་ཕྱི་ནང་གི་བཀོད་པ་ཆ་ཚང་གྲ་སྒྲིག་བྱས། ཁྱད་པར་དུ་ཚོགས་གཙོ་རྩེ་ཞིག་ཚང་དང་དྲུང་གཞོན་རིན་སྤུངས་ཚུལ་བསྟན་གཉིས་ནས་ཁྲིན་ཏུའུ་ལ་ཟླ་བ་འགར་གཞུང་ལས་ཁང་ཉོ་སྒྲུབ་དང་མཛེས་བཟོ་སོགས་ཀྱི་ལས་འགན་གཙོ་བཞེས་གནང་།  སྤྱི་ལོ། ༢༠༡༧།   ༢། ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་དང་བསྟུན། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་ཚོགས་མི་ཀུན་གདན་ཞུའི་མགྲོན་བརྡ་ཕུལ་བ་ནང་བཞིན་ཚོགས་མི་རྣམས་དུས་ཐོག་ཏུ་ཆེད་ཕེབས་གནང་སྟེ་གཞུང་ལས་ཁང་སྒོ་འབྱེད་དང་བཀྲ་ཤིས་རབ་གནས་ཕུན་སུམ་ཚོགས་པའི་ཁང་སྟོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་བའོ།།

༣༽བཀའ་འགྱུར་དཔེ་བསྡུར་ལས་དོན་སྐོར། 

   དང་པོ་འགོ་ཚུགས་ཚུལ། བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་རྩ་བའི་བློ་འདྲི་མི་སྣ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཞུས་པའི་དབུ་ཁྲིད་འོག སྔ་ལོ། ༢༠༡༦//༢༠/ཉིན། ཁམས་ཐར་བདེ་དགོན་དུ་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་བཞི་པའི་དགོངས་དོན་ལ། སྐྱབས་རྗེ་རྒྱལ་བ་གཤེན་སྲས་ཆེན་པོས་བཀའ་ལུང་ནན་བསྩལ་གནང་བ་ལྟར་དུ། མཉམ་འབྲེལ་ལྷན་ཚོགས་ནས་རང་ནུས་ཅི་ཡོད་ཀྱིས་ཤུགས་བསྣན་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མ་ཕྱི་གཏན་འབེབས་གཅིག་གྱུར་བཟོ་རྒྱུ་ཞེས་པའི་ལྷན་ཚོགས་ཀྱི་དགོངས་དོན་ལག་ལེན་བསྟར་རྒྱུ་ལ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལསགཡུང་དྲུང་བོན་གྱི་བཀའ་འགྱུརདཔེ་སྐྲུན་ལས་གཞིའི་རྣམ་གྲངས་འདི་ནི། ༢༠༡༦ལོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱིས་ཆོག་མཆན་ཐོབ་པའི་རྣམ་གྲངས་ལས་གཞི་ཞིག་ཡིན་པར་བརྟེན། མཉམ་འབྲེལ་ལྷན་ཚོགས་དང་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་ཐོག་ལས་དོན་འདི་འགྲུབ་ན་ཆེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོད་སྣང་གསར་པའི་ལེའུ་ཞིག་ཡིན་ལ།  ལས་དོན་འདི་བསྒྲུབ་པར་དེ་བས་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་གནས་ཤིག་ཡིན་ཡང་རྟེན་འབྲེལ་བསླུ་མེད་ཀྱི་བདེན་མཐུ་དང་། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་ཐུགས་བསྐྱེད་སྨོན་ལམ། བོན་འབངས་ཡོངས་ཀྱི་རིང་ནས་ཡིད་ལ་བརྣག་པའི་དམིགས་འབེན་ཉག་གཅིག་འདི། ལུགས་འདིར་ཐུགས་སྣང་དཀར་བའི་སྙིང་སྟོབས་ཅན་གྱི་མི་སྣ་དང་། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ལ་སྨན་པའི་ཕུགས་བསམ་ཅན་གྱི་ཤེས་ལྡན་དུ་མའི་དགོངས་དཔྱོད་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུ་མའི་གནས་ཚུལ་འོག་ངེད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་དབར་མཉམ་ལས་གནང་ཐད་ལ་དུས་ཡུན་ཟླ་ཤས་རིང་བོན་གྱི་བླ་སྤྲུལ་དགེ་བཤེས་སོགས་ཤེས་ལྡན་མང་པོར་བཀའ་འདྲི་དང་བགྲོ་གླེང་མང་པོ་བྱས་མཐར། 2017-4-5ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་། དྲུང་རྒན་གཞོན་གཉིས།  ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས་གཙོས་པའི་མི་སྣ་བཅས་ལྷན་འཛོམས་གནང་བའི་ཚོགས་འདུའི་གྲོས་ཆོད་ལ།

1 དབལ་ཁྱུང་བཀའ་འགྱུར་དེ་ཉིད་མ་ཡིག་ཏུ་འཛིན་དགོས།

2 དབལ་ཁྱུང་བཀའ་འགྱུར་དཔར་མ་དང་གསར་དུ་གློག་ཀླད་བཅུག་པ་གཉིས་མ་དང་བུ་ལྟར་བསྡུར་ཏེ་ཞུ་དག་གཏོང་རྒྱུ།

3 དབལ་ཁྱུང་བཀའ་འགྱུར་དཔར་མའི་ནང་དུ་ཡིག་ནོར་ཡིན་ངེས་ཅན་རྣམས་བཀའ་འགྱུར་དཔར་མ་གཞན་དག་ཟུར་བལྟ་བྱེད་དེ་དག་ཆ་གཏོང་དགོས།

4 དབལ་ཁྱུང་བཀའ་འགྱུར་དཔར་མའི་ནང་དུ་ཆད་ལྷག་ཡོད་ངེས་ཅན་རྣམས་བཀའ་འགྱུར་དཔར་མ་གཞན་དག་ཟུར་བལྟ་བྱེད་དེ་ཆད་པ་རྣམས་གཞུང་ངོས་སུ་ཨང་གྲངས་འགོད་དེ་མཇུག་ཏུ་བཞག་དགོས། ལྷག་པའམ་སྐྱར་ཟློས་སུ་སོང་ངེས་ཅན་རྣམས་དོན་ལ་གནོད་པ་མེད་པའི་སྒོ་ནས་གཅོད་དགོས།  ཞེས་གྲོས་ཆོད་གཏན་འབེབ་སྐབས་གོང་གསལ་ཕྱོགས་གཉིས་ཀའི་འགན་འཛིན་སོ་སོས་མཉམ་ལས་གནང་རྒྱུར་མཚན་རྟགས་བཀོད་པ་རེད། 

   སྤྱི་ལོ། ༢༠༡༧། ༥། ༥། ནས་བཟུང་ཚོགས་གཙོ་རིན་པོ་ཆེ་དང་དྲུང་ཆེ་རྣམ་གཉིས་གཙོས་འབྲེལ་ཡོད་མི་སྣ་མང་པོ་ཞིག་ལ་བཀའ་འགྱུར་སྒྲིག་ཞུའི་ལས་དོན་སྐོར་བསམ་འཆར་བསྡུ་ལེན་དང་གྲོས་བསྡུར་ཐེངས་མང་བྱས་ལ། ལྷག་པར་དུ་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་མཉམ་འབྲེལ་བྱས་ན།  ཁྲིམས་ལུགས་ཐོག་ལ་མཉམ་འབྲེལ་ལྷན་ཚོགས་ཁྲིམས་མཐུན་གྱི་ཀུང་སི་ཡོད་དགོས་ལ། ཀུང་སི་ཡོད་པ་མ་ཚད་ཀུང་སིའི་ཐམ་ཀ་དང་ཁྲིམས་མཐུན་གྱི་ལག་ཁྱེར་སོགས་དགོས་པས་ཚོགས་གཙོ་རིན་པོ་ཆེ་ལས་དོན་དེའི་ཆེད་དུ་པེ་ཅིན་ལ་ཕར་ཚུར་ཐེངས་དྲུག་ཙམ་ཕེབས་ཏེ་ལས་དོན་དེ་དག་ལེགས་གྲུབ་བྱུང་ནས། ༢༠༡༧ལོའི་ཟླ༦ཚེས༢༥ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་པེ་ཅིན་ཞང་ཞུང་གཟི་འོད་རིག་གནས་བརྗེ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་བར་དུ་རེ་བཅོལ་སྒྲིག་ཞུའི་ཆིངས་ཡིག་བཞག་པ་སྟེ། གན་རྒྱའི་སྟེང་ལ་ཁྲིམས་མཐུན་མིང་རྟགས་བཀོད་པ་ཞིག་རེད།

   དེ་ནས་བཀའ་འགྱུར་དཔེ་བསྡུར་སྒྲིག་ཞུའི་ལས་དོན་དེ་ཁྲི་འདུར་ཡོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོན་གྱི་དགེ་བཤེས་དགུ་བཅུ་ཡས་མན་ཟླ་བ་གཉིས་རིང་མི་རེ་ངོས་རེ་དགེ་བཤེས་དང་མཁས་དབང་རེ་རེ་བཞིན་ཁ་པར་ཕུལ་ཞིང་ད་ལན་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་འདི་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་རྒྱུ་དང་། རྣམ་པ་ཚང་མས་དགོངས་པ་ཆེ་བཞེས་གནང་སྟེ་རྒྱབ་སྐྱོར་གནང་རྒྱུར་བཀའ་དྲིན་ཆེ་ཞེས་ཕྱོགས་ཕན་དུ་བཞུགས་པའི་དགེ་བཤེས་དང་མཁས་དབང་རྣམ་པར་རེ་རེ་བཞིན་ནན་ཞུ་བྱས་ཀྱང་དགེ་བཤེས་ཁ་ཤས་ཀྱིས་དུས་ཁོམ་མེད་ལུགས་བརྙད་དེ་ཞལ་བཞེས་མ་གནང་ལ། དགེ་བཤེས་ཕལ་ཆེ་བས་དང་བླང་དང་རྒྱབ་སྐྱོར་གནང་ཞིང་མ་མཐའ་དགེ་བཤེས་རེས་བཀའ་འགྱུར་པོད་རེ་སྒྲིག་ཞུའི་འགན་ཁུར་རྒྱུར་ཞལ་བཞེས་དང་འབྲེལ་མཁས་དབང་སོ་སོ་ལ་བཀའ་འགྱུར་པོད་གྲངས་གང་ཡིན་དང་ཡར་མར་འབྲེལ་བ་གནང་ལུགས་ཟུར་གསལ་རེའུ་མིག་ལྟར་དང་། 

   དེ་ནས་སྤྱི་ཟླ་བདུན་པའི་ཚེས་དགུ་ཉིན་དྲུང་རྒན་གཞོན་གཉིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་དུ་སྔ་ལོ་ནས་བཟུང་ལོ་ལྟར་ལྷ་སར་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་བོན་པོ་ཚང་མ་ལོ་རེའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་མོར་ལྷ་ས་གྲོང་ཁྱེར་སྟོད་ལུང་འབྲི་ལུང་དགོན་ཤུལ་སར་ལྷན་འཛོམས་གནང་གཏན་ཁེལ་དོན་ལྟར། འདི་ལོར་དམིགས་བསལ་ཉིན་དང་པོར་སྲིད་རྒྱལ་ཚོགས་འཁོར་དང་ཉིན་གཉིས་པར་འཛམ་གླིང་སྤྱི་བསང་དང་འབྲེལ་བའི་གསོལ་ཁ་འབུལ་རྒྱུ་དང་བོན་འབངས་ཚང་མ་རི་བསང་རླུང་རྟ་སོགས་ཀྱི་མཛད་སྒོའི་འགྲོ་གྲོན་དང་ལས་འགན་སྔ་ལོ་ལ་ཧོར་ཁྱུང་གཉིས་དང་། འདི་ལོར་ཨ་མདོ་ཤར་པ་དང་རྔ་པའི་ཚོང་པ་རྣམས་ཀྱིས་འགན་ཁུར་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་བའོ།། 

   ༢༠༡༧།༧།༡༤།ཉིན་དྲུང་རྒན་གཞོན་གཉིས་ལྷ་ས་རིམ་བཞིན་ནག་ཆུ་དང་། སྦྲ་ཆེན་རྫོང་། སྟེང་ཆེན་རྫོང་ལ་ཕྱིན་ཏེ། ༢༠༡༧།༧།༡༧ཉིན་དྲུང་རྒན་གཞོན་གཉིས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ཏེ་རྩེ་དྲུག་དགོན་པའི་བྱ་ལོའི་མཛད་སྒོ་ཆེན་མོར་གདན་ཞུའི་མགྲོན་བརྡ་འབྱོར་བ་གཞིར་བཟུང་ཆེད་ཕེབས་གནང་སྟེ་ཉིན་བདུན་རིང་མཛད་རིམ་ཁག་ལ་ཆེད་ཞུགས་ཞུས་ཤིང་། མཉམ་འབྲེལ་ལྷན་ཚོགས་དང་རང་ཚོགས་པའི་རྒྱུན་ལས་ལས་འཛིན་ཚ་རོང་ཕུན་ཚོགས་བློ་གྲོས་ཟུང་འབྲེལ་ཐོག་རྩེ་དྲུག་དགོན་པའི་འདུས་སྤྱི་ལ་མང་ཇ་དང་སྐུ་འགྱེད་སྒོར་ཁྲི་བདུན་ཙམ་འགྲོ་གྲོན་བཏང་། དེ་ནས་རྩེ་དྲུག་དགོན་པའི་མཛད་སྒོ་མཇུག་སྒྲིལ་རྗེས། དྲུང་རྒན་གཞོན་གཉིས་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་སུ་ཡོད་པའི་དགེ་བཤེས་རྣམ་པར་མཇལ་འཕྲད་ཞུས་ཤིང་། བཀའ་འགྱུར་དཔེ་བསྡུར་སྒྲིག་ཞུའི་ལས་ཀ་བྱེད་སྟངས་སོགས་སློབ་ཁྲིད་དང་ཕན་ཚུན་ཞིབ་ཕྲའི་བཀའ་མོལ་གནང་། བཀའ་འགྱུར་དཔེ་བསྡུར་གནང་རྒྱུའི་པོད་དེ་དག་ཐོག་མའི་འཆར་གཞི་ལ་དཔར་རྩ་མཚོ་སྔོན་གཡུང་དྲུང་ཚེ་རིང་ཅན་བྱ་རྒྱུའི་འཆར་གཞི་བཟོས་ཀྱང་དེ་ལྟར་བྱས་ན་ཞུ་དག་དང་ལས་ཀ་སོགས་དུས་ཚོད་མི་འདང་བའི་རྐྱེན་གྱིས་སྟབས་མ་བདེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཀུན་གསལ་སྙིང་པོ་རིན་པོ་ཆེས་གཙོར་འགན་བཞེས་ཏེ་ལོ་མང་རིང་ནག་ཆུ་གཡུང་དྲུང་གྱེར་བསྟན་གླིང་དུ་རང་ཚོགས་པའི་ངོས་ནས་བཀའ་འགྱུརགྱི་ལས་ཀ་རབ་དང་རིམ་པ་གནང་བའི་དཔར་རྩ་དེ་ད་ལན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གལ་འགངས་ཆེ་བའི་སྐབས་འདིར་དཔར་རྩ་མཐུན་འབྱོར་གནང་རོགས་ཞུས་དོན་ལྟར་ཀུན་གསལ་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཐོག་མཉམ་འབྲེལ་ལྷན་ཚོགས་ལ་བཀའ་འགྱུར་གྱི་དཔར་རྩ་ཆ་ཚང་མཐུན་འབྱོར་གནང་བ་བཞིན་དུ། བཀའ་འགྱུར་པོད་༡༧༨དེ་བུ་དཔེའི་ཚུལ་དུ་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སློག་རྒྱབ་སྟེ་ས་ཕྱོགས་སོ་སོའི་དགེ་བཤེས་དང་མཁས་དབང་རྣམས་ལ་སྦྲག་བརྒྱུད་དང་མི་བརྒྱུད་ཐབས་ལམ་ཅི་རིགས་ཀྱི་སྒོ་ནས་དཔེ་བསྡུར་སྒྲིག་ཞུ་བ་རྣམས་ལ་སོ་སོའི་ཕྱག་ཏུ་འཕྲོད་ཐབས་བྱས། 

    དེ་རྗེས་༢༠༡༧ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན། ཁྲེན་ཏུའི་གྲོང་ཁྱེར་དུ་ཡོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ། ཚོགས་གཙོ་དང་རྒྱུན་ལས་ཚོགས་གཙོ་སྐུ་གཞོན། དྲུང་ཆེ་རྒན་གཞོན། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བཀའ་འགྱུར་སྒྲིག་ཞུའི་མཁས་དབང་རྣམས། བསྐལ་པ་བརྒྱ་ལ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་གཞི་རྒྱ་ཆེ་བ་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སློབ་སྟོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པར་བརྟེན། 

   ༢༠༡༧//༣ཉིན་བར་ཉིན་བཞིའི་རིང་གྲོས་གཞི་ཁག་ལ་གྲོས་བསྡུར་ལེགས་པར་གནང་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་གསལ་བཤད་དོན་ཚན་བརྒྱད་ཀྱི་བདག་ཉིད་ཅན་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིག་དོན་ཚན་དྲུག་ཅན། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་དང་། དང་བླང་སྒྲིག་ཞུ་བའི་མཁས་དབང་མི་སྣ་ལྔ་བཅུ་ལྷག་ཞིག་བཀའ་འགྱུར་མ་དཔེ་སྒྲིག་ཞུའི་ལས་འགོ་བརྩམ་རྒྱུའི་ཆེད་དུ་དགོས་པ་སྐབས་བསྟུན་གྱིས་གཏན་འབེབས་བྱས།   དེ་ནས་མཉམ་འབྲེལ་ལྷན་ཚོགས་དང་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་ཐོག་ བོན་གྱི་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ཀྱང་མི་རེ་ལུགས་རེའི་དབང་དུ་མ་སོང་བར་མི་བརྒྱ་ངག་གཅིག་ལྟ་བུ་གཅིག་གྱུར་ཡོང་ཆེད་ཁྲི་འདུར་ཐོག་མར་ཟབ་སྦྱོང་གི་འཛིན་གྲྭ་གཉེར་ཞིང་ལས་བྱེད་མི་སྣ་སོ་སོར་ཆད་ལྷག་གི་རྟགས་སོགས་འགོད་སྟངས་སློབ་སྦྱོང་དང་། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཙོ་བོའི་ལས་དོན་འགན་ཁུར་བ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་དང་། དང་བླང་སྒྲིག་ཞུ་བའི་མཁས་དབང་མི་སྣ་ལྔ་བཅུ་ལྷག་རྣམས་དཔེ་བསྡུར་སྐབས་ཕྱོགས་ཕན་ཚུན་འབྲུ་དོན་རྟོགས་མིན་དང་གོ་དོན་བགྲོ་གླེང་ཞིབ་ཚགས་ཡོང་ཆེད་སྐད་འཕྲིན་གྱི་ལམ་ནས་དཔེ་བསྡུར་གླེང་སྟེགས་ཞེས་པ་དང་བཀའ་སྒྲིག་ཞུ་ཚན་ཞེས་པའི་དྲ་འཕྲིན་ཁག་གཉིས་བཙུགས་ཏེ་དེང་བཀའ་འགྱུར་སྒྲིག་ཞུའི་ལས་དོན་སྐོར་ཉིན་ལྟར་བགྲོ་གླེང་གནང་དང་གནང་བཞིན་ཡོད་པའོ།།

༤༽ ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་བསྒྲུབ་ཚུལ། 

   ༢༠༡༧ཟླ་༩ཚེས་༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པའི་དགོང་མོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་སྐུ་དཔར་མདུན་དུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གང་འབྱོར་དང་སྨོན་ལམ་དང་གསོལ་འདེབས་ཅི་རིགས་དང་དེའི་ཕྱི་ཉིན་ཚོགས་གཙོ་རྩེ་ཞིག་ཚང་དང་དྲུང་རྒན་གཞོན་གཉིས་གཙོས་ཁྲི་འདུར་བཞུགས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམས་འཛོམས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དགོངས་རྫོགས་མཆོད་འབུལ་ཞུ་ཚུལ་གྲོས་བསྡུར་བྱས་ཏེ་གཅིག་ན་རང་ཚོགས་པས་སྣེ་ཁྲིད་བྱེད་དེ་བོན་གྱི་དགོན་སྡེ་རི་ཁྲོད་དང་བོན་འབངས་ཡོངས་ལ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང་། གཉིས་ན་ཚོགས་པའི་ངོས་ནས་ཐོག་མར་རྒྱ་གར་སྨན་རི་དགོན་པའི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་ཞུ་འཕྲིན་ཡི་གེ་འབུལ་རྒྱུ་དང་། དེའི་ནང་དོན་གཙོ་བོ་ད་ལན་ཡིད་སྐྱོའི་གནས་ཚུལ་འདི་གནམ་འོག་གི་འགྲོ་བ་ཀུན་དང་། སྒོས་སུ་འདི་གའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙོས་རང་ཅག་བོན་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གྱོང་གུན་ཚབ་ཆེན་དང་ཡིད་སྐྱོ་བའི་གནས་སུ་གྱུར། འདིར་  རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཡིས་དབུ་ཁྲིད་ལམ་སྟོན་འོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདུང་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཡོད་པའི་བོན་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ་ཡིན་པ་མ་ཟད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། ཁྱད་པར་དུ་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་༧བཀྲ་ཤིས་སྨན་རི་དང་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་སར་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱས་འབུལ་ཞུ་སྟེ་དམ་པ་མཆོག་གི་ཐུགས་དགོངས་ཟབ་མོའི་བཞེད་དོན་ལྷུན་འགྲུབ་དང་། གང་གི་ཐུགས་རྗེའི་སྐྱབས་འོག་བོན་འབངས་ཀུན་ཀྱང་དམ་ཚིག་གོང་བུ་གཅིག་སྒྲིལ་གྱི་དར་དཀར་ཡུག་གཅིག་ས་སྟེང་ཀུན་ཏུ་བདལ་བའི་རེ་སྨོན་ཤུགས་དྲག་དང་བཅས། ཞེས་པའི་འབྲུ་དོན་ལྟར་ཐོག་མར་རྒྱ་གར་སྨན་རི་དགོན་ལ་མཆོད་འབྲེལ་ཞུ་རྒྱུ་དང་། དེ་ནས་ཚོགས་གཙོ་རྒན་གཞོན་གཉིས་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་༧བཀྲ་ཤིས་སྨན་རི་དགོན་ལ་ཕེབས་རྒྱུའི་ཆོད་དོན་ལྟར་ཚོགས་གཙོ་རིན་པོ་ཆེ་ལྷ་སར་ཆེད་ཕེབས་གནང་།  དྲུང་རྒན་གཞོན་གཉིས་ཞག་གསུམ་ཉིན་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་འཁྲུངས་གཞིས་ལ་བཅར་ཏེ་འཁྲུངས་ཡུལ་གྱི་ནང་མི་ལྷན་རྒྱས་ལ་ཚོགས་པའི་ངོས་ནས་ཐུགས་གསོའི་འཚམས་ཞུ་དང་འབྲེལ་འཁྲུངས་གཞིས་ལ་དྲུང་རྒན་གཞོན་གཉིས་ཀྱིས་འགོ་ཁྲིད་བྱས་ཏེ་མདོ་དབུས་ཁམས་གསུམ་ན་བཞུགས་པའི་རིན་པོ་ཆེའི་ཞལ་སློབ་དགེ་བཤེས་རྣམས་ལྷན་འཛོམས་གནང་སྟེ་མཉམ་མེད་བླ་སྒྲུབ་ཀྱི་སྒོ་ནས་མཆོད་འབུལ་ཟབ་རྒྱས་ཞུས་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་དང་ཟིང་ཆུ་རྫོང་ཁོངས་ཀྱི་དགོན་ཁག་བཅོ་བརྒྱད་དང་བོན་འབངས་ཡོངས་ཀྱི་མཉམ་དུ་༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཞི་ཁྲོ་རྒྱས་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུས།  དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་དགུང་ཞག་ཞེ་དགུའི་རིང་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་སྐུ་གདུང་བཞེངས་རྒྱུར་འབད་བརྩོན་ལྷོད་མེད་བྱས་པས་བཟོ་བསྐྲུན་ལེགས་པར་གྲུབ་ནས། ལོ་རྒྱུས་ཀྱི་དོན་སྙིང་ལ་དམིགས་ཏེ་ལུགས་འདིར་ཐུགས་སྣང་དཀར་བའི་ཚོགས་གཙོ་རིན་པོ་ཆེ་གཙོས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོར་ཆེ་མི་སྣ་ཀུན་དཀའ་བའི་ཚེགས་དང་དཀོན་པའི་ནོར་ལ་མ་འཛེམས་ཏེ་གལ་འགངས་ཆེ་བའི་སྒོ་ནས། ༢༠༡༧ལོའི་སྤྱི་ཟླ༡༡པའི་ཚེས་༤ ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་གི་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་སྒོ་བསྟུན་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙང་དཔལ་ལྡན་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་གནང་བ་དང་། གདན་ས་གོང་འོག་བར་གསུམ་ལ་ཐུགས་གསོའི་འཚམས་ཞུ་དང་འབྲེལ་བའི་མཇལ་བསྐོར་བསྐྱོད་པའི་གནས་ཚུལ་ཞིབ་གསལ་ཉེ་ཆར་ཧི་བོན་དྲ་བའི་ནང་དུ་བཀོད་པ་དེ་ལྟར་རོ།།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་ཀན་སུའུ་ཐེ་བོ་གཙོ་ཚང་དགོན་པར་འཚོགས་སྐབས་༢༠༡༧ལོའི་ཟླ་བ་༡༢ཚེས་༧ཉིན་གྲོས་ཚོགས་ལ་སྙན་ཞུའི་ཚུལ་དུ་གསལ་བསྒྲགས་ཞུས་པའོ།།

1513475005164080.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།